བོད་གནའ་རབས་ཀྱི་ཁང་པའི་བཟོ་བཀོད་ནི་རིག་གནས་ཀྱི་ཁེབས་རྒྱ་ཡངས་ཤིང་ལག་ལེན་གྱི་ཁྱོན་རྒྱ་ཆེ་བའི་བཅུ་ཕྲག་རིག་པའི་གནས་ཀྱི་གྲུབ་ཆ་ཞིག་ཡིན་ལ། དེ་ནི་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད་ཕ་མེས་ཡང་མེས་ཀྱི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཁར། ལོ་རྒྱུས་དང་དུས་རབས་ཀྱི་ཚོད་བརྒམ་ལས་རིམ་བཞིན་འཕེལ་རྒྱས་བྱུང་བ་ཞིག་ཡིན།
དེས་བོད་མི་རིགས་ཀྱི་འགྲན་ཟླ་བྲལ་བའི་བློ་གྲོས་དང༌། དཔའ་མཛངས་ཀྱི་སྙིང་སྟོབས། རིག་གནས་ཀྱི་ཉིང་བཅུད་བཅས་མཚོན་ཐུབ་ཅིང༌། 《དག་ཡིག་གསར་བསྒྲིགས》ལས། ཁང་པ་ནི་མིའི་འདུག་གནས་སམ་དངོས་རྫས་འཇོག་སའི་རྩིག་དངོས་ཀྱི་མིང་ཞེས་འགྲེལ་ཡོད་མོད། ཀུན་གྱིས་མཁྱེན་གསལ་ལྟར་ཐ་དད་ཀྱི་མི་རིགས་ལ་སོ་སོར་དབང་བའི་སྲོལ་རྒྱུན་རིག་གནས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཆིས། དེ་བས་བཟོ་བཀོད་རིག་གནས་ལ་མི་རིགས་སོ་སོའི་རྟགས་མཚན་ཞིག་ཡོད་ཅིང་ཐུན་མོང་གི་སྤྱི་ཚོགས་རྒྱབ་ལྗོངས་དང༌། འཚོ་སྡོད་བྱེད་པའི་ཁོར་ཡུག། རིག་གནས་དང་སེམས་ཁམས་ཀྱི་ཁྱད་ཆོས་ལས་རིམ་གྱིས་མི་རིགས་ཀྱི་བཟོ་བཀོད་གྲུབ་པ་རེད། བོད་གནའ་རབས་ཀྱི་ཁང་པའི་བཟོ་བཀོད་ཀྱི་ཁྱབ་ཁོངས་དེ་རིག་གནས་སྒྱུ་རྩལ་དང་འབྲེལ་བ་དམ་ཟབ་ཡོད་པ་ལས་གཞན་ལོ་རྒྱུས་རིག་པ་དང༌། མཛེས་དཔྱོད་རིག་པ། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ་སོགས་རིག་ཚན་མང་པོའི་བར་ཡང་འབྲེལ་བ་ཡོད་པ་རེད།
བོད་ལུགས་ཁང་པའི་བཟོ་བཀོད་ལ་སྤྱི་ཚོགས་ཕན་ནུས་ཀྱི་ཐད་ནས་དགར་ན་དགོན་སྡེའི་བཟོ་བཀོད་དང༌། ཕོ་བྲང་གི་བཟོ་བཀོད། དམངས་ཀྱི་སྡོད་ཁང་གི་བཟོ་བཀོད་བཅས་རིགས་གསུམ་དུ་འདུས། བོད་གནའ་རབས་ཀྱི་ཁང་པའི་བཟོ་བཀོད་ལ་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་ངེས་ཅན་ཞིག་ལྡན་པ་སྟེ། གཅིག་ནས་ཁང་པའི་བཟོ་བཀོད་དང་རྒྱན་སྤྲས་སྒྱུ་རྩལ་ལ་བརྟན་གཡོ་སྣོད་བཅུད་མཛེས་པར་བྱེད་པའི་དགེ་མཚན་དོད་པོ་ལྡན་ལ། དུས་ཡུན་ངེས་ཅན་ཞིག་གི་སྐབས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཆ་འཕྲིན་ཕུན་སུམ་ཚོགས་པ་ཞིག་བརྒྱུད་སྒྲོག་བྱེད་བཞིན་ཡོད། ཡང་གཅིག་ནས་ཁང་པའི་བཟོ་བཀོད་དང་རྒྱན་སྤྲས་ཀྱི་རྣམ་པ་དང་སྒྲིག་གཞིས་ཁང་པའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་གྲུབ་གཟུགས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཐུབ་གཤིས། བོད་གནའ་རབས་ཀྱི་ཁང་པའི་བཟོ་བཀོད་ཀྱང་དེ་ལས་མ་འདས་པར་གཟི་དཔལ་འབར་བའི་རྒྱན་སྤྲས་མཛེས་རིས་དང་ལྐོག་གྱུར་གྱི་གཟིགས་དབྱིབས་ཁྲོད་རང་མི་རིགས་ཀྱི་རྫོངས་སྟུག་པོའི་ཆོས་ལུགས་རིག་གནས་དང༌། དུས་རབས་ཀྱི་འཕོ་འགྱུར། འཚོ་བའི་དཔེ་རིས་དག་གཡའ་དག་པའི་མེ་ལོང་ཇི་བཞིན་མངོན་པར་མཚོན་ཐུབ།
དེ་ཡང་བོད་གནའ་རབས་ཀྱི་ཁང་པའི་ལོ་རྒྱུས་ནི་ཤིན་ཏུ་རིང་ལ་ཏུན་ཧོང་ཡིག་རྙིང་ལས་རྒྱལ་ཕྲན་ཡུལ་ཡུལ་ན། ཡུལ་ཆབ་ཀྱི་ཡར་འགོ། མཁར་ཁྱུང་ལོང་དངུལ་མཁར་ནང་ན། རྒྱལ་པོ་ལུག་སྙ་ཤུར། ཞེས་དང༌། མཁར་མྱང་རོ་ཤམ་པོ་དགུ་རྩེག་ལང་ལང་གི་ནང་ན། ཞེས་པ་སོགས་ལས་བོད་ཁང་གི་ཐོག་མ་མཁར་རམ་ཕོ་བྲང་གི་ལོ་རྒྱུས་ནི་ཁྲི་བདུན་གོང་སྟེ་རྒྱལ་ཕྲན་སིལ་མའི་སྐབས་ནས་ཀྱང་ཡོད་པ་དངོས་སུ་གསལ་བ་དང༌། བོད་ཀྱི་མཁར་ལ་སྔ་བ་ཕོ་བྲང་ཡུམ་བུ་བརླ་སྒང་མ་བརྩིགས་སྔོན་གྱི་ལོ་ངོ་སྟོང་ཕྲག་གསུམ་ཡས་མས་སུ་རྡོ་མཁར་བརྩིག་སྲོལ་ཡོད་པར་སེམས་ཏེ། ལྷག་པར་དུ་ཆབ་མདོ་ཁ་རུབ་ནས་རྙེད་པའི་ཁང་ཤུལ་ལ་བརྟག་ཚེ་བོད་ཁང་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དངོས་ཡོད་ཀྱིས་ར་སྤྲོད་བྱས་ཡོད་པ་སྟེ། ཁ་རུབ་གནའ་ཤུལ་ནི་བོད་ཡུལ་མཐོ་སྒང་ནས་རྙེད་པའི་གདོད་མའི་གྲོང་ཚོའི་མཁར་ཤུལ་དང་པོ་དེ་རེད། དེ་སྔོག་འདོན་བྱས་པ་བརྒྱུད་པུར་ཁང་ནི་ས་དོང་བྲུས་ཏེ་དོང་གི་ལྡེབས་ངོས་ཀྱི་ཕྱོགས་བཞིར་རྡོ་ཡི་རྩིག་པ་བརྩིགས་ནས་འདུག པུར་ཁང་དེའི་རིགས་མང་ཆེ་བ་གྲུ་བཞི་ནར་མོའི་དབྱིབས་ཅན་ཡིན་ཞིང༌། པུར་ཁང་གི་ས་ངོས་དང་པུར་སྒྲོམ་གྱི་ཕྱི་ནང་གང་སར་ངོས་སྙོམས་ལ་སྲ་ཞིང་མཁྲེགས་པའི་ཨར་ཀ་མཐུག་པོ་བཏིངས་འདུག གཞན་ཡང་པུར་ཁང་ལ་སྒོ་དང༌། ཐེམ་པ། རྡོ་སྐས་སོགས་ཡོད་པ་ནི་བཀོད་པ་ཁང་ཁྱིམ་དང་མཚུངས་པར་འདུག་ཕྱིར། བོད་ཀྱི་མེས་པོ་རྣམས་ལ་མི་ལོ་ལྔ་སྟོང་ཡར་སྔོན་ནས་སྡོད་ཁང་བཟོ་སྐྲུན་གྱི་ནུས་པ་དང་ལག་རྩལ་དར་ནས་འདུས་སྡོད་ཀྱི་འཚོ་བར་རོལ་ཡོད་པ་རྟོགས་ཐུབ། ཡང་བོད་གནའ་རབས་ཀྱི་ཁང་པར་སྤྱིའི་ཆ་ནས་དབྱེ་ན་གསོན་པོ་གནས་སའི་ཁང་བཟང་དང་གཤིན་པོ་སྦེད་སའི་བང་སོ་བཅས་རིགས་དཀར་ནག་གཉིས་སུ་ཕྱེས་ཡོད་པ་ལས། གསོན་པོ་གནས་སའི་བོད་ཁང་གི་ཐོག་མ་ནི་རྡོ་མཁར་རམ་ཕོ་བྲང་ཡིན་ཞིང་དེ་ཡི་ལོ་རྒྱུས་རྒྱབ་ལྗོངས་ཀྱང་དམག་འཁྲུགས་ཏེ་དགྲ་བོའི་གླགས་འོག་ཏུ་མི་ཚུད་པའི་ཆེད་དུ་ཕྱོགས་བཞི་མེ་ལོང་ལྟར་གསལ་བའི་རི་བོའི་སྤོ་རུ་བཞེངས་པ་སོགས་སྔོན་གྱི་རྒྱལ་པོ་རྣམས་ཀྱི་མཁར་ཤུལ་ལ་ལན་གཅིག་བལྟས་པས་རྟོགས་ཐུབ། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་བོད་ཁང་ནི་རི་རྩེའི་ཕོ་བྲང་ནས་དམངས་ཕལ་བའི་སྡོད་ཁང་དུ་བསྒྱུར་འགོ་བརྩམས་ཤིང་བསྒྱུར་མཁན་ལ་ཡང་བཙན་པོའི་དགུང་བློན་བཞི་ཡི་ཡ་གྱལ། འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་པ། སྙགས་ཁྲི་བཟང་ཡང་སྟོན་ཡིན་པ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། འདི་ཉིད་མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། ཞེས་པ་ལྟར་རོ། གཞན་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་ཕོན་ཆེན་བཞེངས་པའི་ཁྲོད། ད་ལྟ་གནས་པའི་ལྷ་ཁང་མང་པོར་བརྐོས་དཀྲོལ་གྱིས་བརྒྱན་པ་མཇལ་རྒྱུ་ཡོད། ཁྱད་པར་ལྷ་ལྡན་གཙུག་ལག་ཁང་ལ་ཀ་བ་སེང་མགོ་ཅན་དང་འབྲུག་མགོ་ཅན་སོགས་བརྐོས་པ་མཐོང་རྒྱུ་ཡོད་པར་མ་ཟད། གདུང་མ་དང་གཞུའི་ལྡེབས་ལ་བརྐོས་དཀྲོལ་ལག་རྩལ་སྤྱད་ནས་རོ་སྒྲུང་དང་དམངས་ཁྲོད་ཀྱི་སྒྲུང་གཏམ་སྣ་ཚོགས་བརྐོས་ཡོད་པས་སྐབས་དེ་དུས་ནས་བོད་དུ་ཁང་པའི་བཟོ་བཀོད་ལག་རྩལ་ཤིན་ཏུ་དར་ཡོད་པར་མ་ཟད་ཆུ་ཚད་ཀྱང་ངེས་ཅན་ཞིག་ཏུ་སླེབས་པ་མཚོན་ཡོད།།
བོད་གནའ་རབས་ཀྱི་ཁང་པ་དག་ནི་ས་རྡོ་ཤིང་གསུམ་གྱིས་གྲུབ་པ་ཤ་སྟག་ཡིན་ལ། བོད་ཁང་གི་ཕྱི་ཁོག་གཙོ་བོ་རྡོ་རྩིག་དང་གྱང་གཉིས་ཏེ། གྱང་རྡུང་བའི་ཐོག་མར་གྱང་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་ཤིང༌། ཁང་པ་རྒྱག་ཡུལ་གྱི་ས་དཔྱད་ལ་གནམ་གྱི་དབྱིབས་དང༌། རི་དཔྱད། ཆུའི་རྒྱུ་ཕྱོགས། ཤིང་གི་སྐྱེ་སྟངས། ཉི་ཟླ་འཆར་ནུབ་སོགས་ལ་བརྟག་པ་སྔོན་དུ་སོང་ནས་ཁང་པ་ཆེ་ཆུང་ཇི་ལྟར་འདོད་པའི་ས་ཐིག་ལེགས་པར་བཏབ་པ་ནས་རྨང་གཞི་སོགས་བཏིང་ནས་གྱང་བརྡུང་བ་སོགས་བྱེད་པ་ཡིན་མོད། རྨང་དེ་ནི་ཁང་རྩིག་དུ་མའི་རྐང་ཡིན་པས་བརྟན་པོ་དང་སྲ་མོ་ཡིན་དགོས་ཕྱིར། རྡོ་རྩིག་གཞན་གྱི་རྩིག་པ་དང་འདྲ་བའི་བརྩིགས་ངོས་འཇམ་པོ་དང་བལྟ་ས་མཛེས་པོ་དེ་གཙོ་བོ་མིན་ལ། གནད་འགག་ནི་རྡོ་རྒྱུ་སྲ་རླིང་སྟེང༌། རྡོ་མཐུད་དང་རྡོ་གཟེབ། རྡོ་རྩལ་རྒྱག་སྟངས་ལ་གཟབ་སྟེ་ས་སྟེང་གི་ཡན་དུ་འདོམ་ཕྱེད་ཙམ་བརྩིག་དགོས་ཤིང༌། ས་སྟེང་དུ་བརྩིགས་པ་དེ་ནི་གྱང་ལ་ཆུས་མི་གནོད་པའི་ཆེད་དུ་ཡིན་ལ། བོད་ཀྱི་རྡོ་རྩིག་ལག་རྩལ་ནི་འཛམ་གླིང་གི་ཆེས་ཕུལ་དུ་བྱུང་བ་རང་ཡིན་ཞིང༌། འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ནང་རོལ་ནས་སྐྱ་རྩིག་པའི་ལག་རྩལ་དེ་ཡིན་ལ། ཐ་ན་གདོད་མའི་རྒྱུ་ཆ་སྟེ་བརྐོས་ཡོང་བའི་འཇིམ་པ་དང་རི་ནས་འཁྱེར་ཡོང་བའི་རྡོ་བཅས་བཀོལ་ནས་ལས་སྣོན་ཅི་ཡང་བྱེད་མི་དགོས་པར་ཁང་པ་བཟོ་ཐུབ་པ་ཡིན།
སྤྱིར་བོད་གནའ་རབས་ཀྱི་ཁང་པའི་དབྱིབས་ལ་ཕུག་པ་སྒོང་གཟུགས་མ་དང༌། ཕུག་པ་ཐལ་མོའི་ཕྱག་རྒྱ་ཅན་དང༌། གྲུ་བཞི་གཡུང་དྲུང་མ་དང༌། ཁང་བཟང་ལུག་མགོ་མ། ཆོས་འབྱུང་གཟུགས་ཅན་སོགས་མང་པོ་ཡོད་པ་དང༌། ཁང་པའི་བཟོ་བཀོད་ལག་རྩལ་ཐད་ཆེ་ས་ནས་དགོན་པ་དང༌། ཕོ་བྲང༌། སྤྱིར་བཏང་གི་སྡོད་ཁང་བཅས་བཟོ་དབྱིབས་ཁག་གསུམ་དུ་དབྱེ་ན་འགྲིག་ཅིང༌། དགོན་པའི་བཟོ་ཁྱད་ནི་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ལས་གསུངས་པ་ལྟར་དབུས་སུ་འདུ་ཁང་དང༌། སྦུག་ཏུ་གཙང་ཁང༌། ཞེས་པ་ལྟར། འདུ་ཁང་ངམ་གཙུག་ལག་ཁང་ལ་བཞེངས་སྔ་བ་སྲོང་བཙན་སྒམ་པོའི་དུས་ཀྱི་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་དང༌། ལྷ་ལྡན་གྱི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང༌། རྒྱ་སྟག་ར་མོ་ཆེ་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་དང་བཅས་པ། ཁྲི་རལ་པ་ཅན་གྱི་སྐབས་བཞེངས་པའི་འུ་ཤིང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་སོགས་དུ་མ་མཆིས་ཤིང༌། དེ་དག་གི་སྤྱིའི་བཀོད་པ་ལ། འཆམ་ར། ཀུན་དགའ་ར་བ། རྡོ་སྐས། ཕྱིའི་སྒོ་ཆེན་གྱི་ཁྱམས། ཚོམས་ཆེན་སྒོ་ཁྱམས། ཕྱིའི་སྐོར་ཁང༌། གློ་འབུར་གྱི་ཁྱམས། ཚོམས་ཆེན། སྒོ་སྟེང་བསིལ་ཁང༌། བླ་ཆེན་གྱི་གཟིམ་ཤག མགོན་ཁང་ངམ་སྲུང་མ་ཁང༌། གསེར་ཁང་ངམ་ལི་མ་ལྷ་ཁང༌། དཔེ་མཛོད་ཁང༌། རྒྱ་མཐོང༌། རྒྱབ་ཏུ་ལྷ་ཆེན་ཁང༌། ལོགས་སུ་རུང་ཁང༌། མཛོད་ཁང༌། གཉེར་ཁང༌། བཤད་གྲྭ། སྒྲུབ་གྲྭ། གྲྭ་ཤག་བཅས་དང༌། སྒོ་འཕྱོར་གྱི་སྟེང་རབ་གསལ་དང་གཞན་རྣམས་ལ་སྒེ་ཁུང་ཆེ་ཆུང་སྣ་ཚོགས། དེ་མིན་དཀར་གསལ་སེང་གཡབ་ལ་ཀ་རིང་དང་དེའི་མཐར་ཀ་ཐུང༌། རྩིག་ལྡེབས་སུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང༌། གཏམ་རྒྱུད་སྣ་ཚོགས་ཀྱི་རི་མོ༌། སྒོ་འཕྱོར་འོག་རྒྱལ་ཆེན་སྡེ་བཞི་དང༌། སྲིད་པ་འཁོར་ལོ། འདུལ་བའི་དཔེ་རིས་སོགས་ཀྱི་ལྡེབས་བྲིས། ཀ་སྟེང་དུ་ཤིང་བརྩེགས་རིམ་པ་བཅུ་གསུམ་ཡོད་པའི་མཛེས་རྒྱན་ལ་བྱ་འབྲུག་དང༌། པད་མ། ནོར་བུ་སོགས་ཀྱི་མཛེས་རིས་འབྲི་སྲོལ། གྱང་སྟེང་དུ་སྤེན་བད་ལ་གསེར་ཟངས་ཀྱི་སྤེན་རྒྱན། ཡང་ཐོག་རྩེར་རྒྱ་ཕིབས་སམ་གན་ཇི་ར། རྩིག་ཟུར་དུ་སྲུང་མ་ཁག་གི་རྟེན་ཐུག་དང༌། གསེར་ཟངས་སམ་རས་ཀྱི་རྒྱལ་མཚན། གདུང་ཁེབས་ལ་རྡོ་རྗེའི་ར་བ།
རིན་པོ་ཆེ་གྲོལ་བ་ཅན་ནམ་མུ་ཏིག་དཀར་པོའི་ཕྲེང་བ་འབུར་མ། པདྨ་གེ་སར་ཁ་པདྨའི་འདབ་མ་གསེར་ཤན་ཅན། ལྕམ་བཀག་ལ་ཤིང་ལོ་པ་ཏྲ། གནམ་གཅལ་ལ་དཀྱིལ་འཁོར། མཐོང་གྲོལ་མཆོད་རྫས་སོགས་བཀོད་པ་སྣ་ཚོགས་སོ།། བོད་བཟོ་སྐྲུན་གྱི་ཕུད་དང་རྒྱན་ལྟ་བུའི་ཕོ་བྲང་གི་བཟོ་ཁྱད་ལ་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་གྱི་འགྲོས་དང་ཡོངས་སུ་མཐུན་པའི་ཕོ་བྲང་པོ་ཏ་ལ་དང༌། མངའ་རིས་ཀྱི་གུ་གེའི་ཕོ་བྲང་སོགས་ཡོད་ཅིང༌། དེ་དག་གི་འོག་ཁང་དུ་མཛོད་ཁང་དང༌། བར་ཁང་དུ་ལས་ཁུངས་དང་ལས་བྱེད་མི་སྣའི་སྡོད་ཤག སྟེང་ཐོག་ཏུ་གཙོ་བོའི་བཞུགས་གནས་དང་མཆོད་ཁང་སོགས་ཡོད། འོག་ཁང་ལ་རླུང་འགྲོ་ཕྱི་དོག་ལ་ནང་ཡངས་པ་ཞིག་གམ་རྒྱུག་ཁྲ་བསྒར་བའི་སྒེ་ཁུང་ཆུང་ཆུང་རེ་ཟུང༌། སྟེང་ཁང་རྣམས་ལ་སྒེ་ཁུང་རིམ་བཞིན་ཆེ་རུ་བཏང་ནས་དཀར་གསལ་ཆེ་ལ་ཐོག་བརྩེགས་མང་པོ་ཡོད་པ་རྣམས་ཕལ་ཆེར་འོག་ཁང་ཤུར་ཡིན། སྟེང་ཁང་རྣམས་ལ་ཤིང་བཟོ་རིམ་བཞིན་ཇེ་ལེགས་དང༌། ལྷག་པར་ཚོམས་ཆེན་ནམ་གཟིམས་ཆུང་ལྟ་བུར་ཀ་གདུང་དང༌། སྒོ་སྒེ་ཁུང་སོགས་ལ་པད་ཆོས་དང་རྒྱན་རིས་བརྐོས་དཀྲོལ་བྱེད་སྲོལ། གོང་ལར་སྤེན་རྩེག་དང༌། སྟེང་དུ་གན་ཇི་ར་དང་ཐུག་རྒྱན་སོགས་དགོན་པ་དང་འདྲ་རུང་ཕོ་བྲང་ལ་དར་ལྕོག་འཛུགས་སྲོལ་ཡོད། གཞིས་ཁང་དང༌། སྒེར་ཁག་གི་ཁང་པ་སོགས་ཀྱི་ཁང་བཟོ་ནི་ཕོ་བྲང་གི་བཟོ་ཁོངས་སུ་གཏོགས་ཤིང༌། བོད་ཁམས་ཡོངས་སུ་ཁང་པའི་འཛུགས་སྐྲུན་ཡོངས་སུ་སྨིན་པའི་དུས་རིམ་ནི་ཡོན་རྒྱལ་རབས་རྗེས་སུ་ཕོ་བྲང་པོ་ཏ་ལ་རྒྱས་སྐྲུན་བྱས་པ་དེ་ཡིན་ཞིང༌། ཕོ་བྲང་པོ་ཏ་ལ་ནི་བོད་ཁུལ་ཡོངས་ཀྱི་ཁང་པའི་འཛུགས་སྐྲུན་གྱི་འཐུས་ཚབ་ཡིན་ལ། འཛམ་གླིང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ཕོ་བྲང་གི་འཛུགས་སྐྲུན་ཡིན་ཞིང༌། དེ་ཡིས་འཛམ་གླིང་རྡོ་ཡི་འཛུགས་སྐྲུན་གྱི་སྟོང་ཆ་ལ་ཁ་གསབ་བྱས་ཡོད་པ་དང༌། ཕོ་བྲང་པོ་ཏ་ལ་ནི་གཞི་བྲག་རིའི་སྟེང་དུ་ཁྲོ་ཆུ་བླུགས་ཤིང་རྡོ་བརྩིགས་ཏེ་རྨང་བཏིང་ཐོག། རྡོ་རིམ་པ་དང་ཨར་ཀ་རིམ་པ་བྱས་ནས་བཞེངས་པ་ཡིན་ལ། དེ་རང་བྱུང་ས་གཡོ་དང་ཆར་རླུང་དྲག་པོ་གང་གིས་ཀྱང་མ་གནོད་པར་སྲ་ཞིང་བརྟན་ལ་བརྗིད་ཆགས་པར་གནས་པ་ལས་ཕོ་བྲང་པོ་ཏ་ལ་ནི་སྲ་ཞིང་མཁྲེགས་པ་ཞིག་ཡིན་པ་ཤེས་ཐུབ་པའོ།། སྤྱིར་བཏང་མང་ཚོགས་ཀྱི་སྡོད་ཁང་ཚང་མ་ནི་ས་རྡོའི་ཁང་པ་རེད། ཁང་པའི་བརྩེགས་དང་པོའི་འོག་ལ་ཕྱུགས་ཟོག་བཙུད་པ་དང༌། བརྩེགས་དང་པོར་སྒྱེད་པུ་ཐབ་ཀ་བཙུགས་ཏེ་ཟ་བཏུང་གཡོས་སྦྱོར་བྱེད་ས་བྱེད། བརྩེགས་གཉིས་པར་ཉལ་ཤག་དང་བང་མཛོད། བརྩེགས་གསུམ་པར་མཆོད་ཁང་བཅས་འདུག། བར་ཐོག་དང་སྟེང་ཐོག་རྣམས་བཟོ་བཀོད་མཛེས་ལ་དཀར་ཆ་གང་དོད་ཐོག་ཤིང་ཆར་ཡང་རྒྱན་རིས་ཅུང་ཟད་རྒྱག་སྲོལ་ཡོད་པ་རེད།།
བོད་མི་རིགས་ཀྱི་ལྷ་ཁང་དང་ཁང་ཁྱིམ་གྱི་བཟོ་བཀོད།
བོད་མི་རིགས་ཀྱི་ལྷ་ཁང་དང་གྲོང་མིའི་སྡོད་ཁང༌། དེ་བཞིན་ཕོ་བྲང་བཅས་ཚང་མར་གཅིག་མཚུངས་མིན་པའི་ཁྱད་ཆོས་རེ་ཡོད་པས། འདིར་ཐོག་མར་ལྷ་ཁང་ཁག་གི་བཟོ་བཀོད་ཐད་ནས་བཤད་ན། ལྷ་ཁང་ཕལ་ཆེ་བ་ནི་བོད་བཟོའི་ཁང་ཁྱིམ་བཀོད་བཟོའི་བཟོ་དབྱིབས་ཀྱི་རྨང་གཞིའི་སྟེང་ཉེ་འབྲེལ་རྒྱ་གར་དང་བལ་ཡུལ།རྒྱ་ནག་བཅས་ཀྱི་བཟོ་བཀོད་ནས་ཀྱང་དཔེར་བླངས་ནས་བཞེངས་པ་ཞིག་ཡིན་བཟོ་འདུག། དེ་ཡང་དེབ་ཐེར་འགར་ལྷ་ཁང་ཕལ་ཆེ་བ་ནི་སྔར་རྒྱ་གར་ནང་ལོ་བརྒྱ་ཕྲག་དང་པོ་དང་གཉིས་པའི་སྐབས་ཀྱི་བྲག་བརྐོས་དང༌། བལ་ཡུལ་ནང་ལོ་བརྒྱ་ཕྲག་དྲུག་པའི་ནང་གི་བྲག་བརྐོས་དང་ཁང་པའི་སྒོ་དང་ཀ་བ། གདུང་མ། འཁྱམ། ཀ་གཞུ། སྦེ་ལོག། པདྨ་ཆོས་བརྩེགས་བད་ཕུར་སོགས་ཚང་མ་བར་སྐབས་བོད་ཀྱི་གཙུག་ལག་ཁང་ཁག་དང༌། ཕོ་བྲང་ཁག་ལ་ཤིང་བརྐོས་ཡོད་པ་དེ་ཚོ་དང༌། ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་བི་ཀྲ་མ་ལ་ཤི་ལའི་ལྷ་ཁང་དང༌། དཔལ་གྱི་བསམ་ཡས་གཙུག་ལག་ཁང་ཨོ་ཏན་པུ་རིའི་གཙུག་ལག་ཁང་ལས་དཔེར་བླངས་ཚུལ་དང༌།ད་དུང་གཙང་ཁང་ཁག་གི་ལྕགས་འཕྲུལ་གྱི་སྒོ་སོགས་རྒྱ་བལ་གྱི་ལྷ་ཁང་རྙིང་པ་ཇི་ལྟ་བ་ཡོད་ཚུལ། རྒྱ་ཕིབས་འགའ་ཤས་དང༌། སྒེའུ་ཁུང་གི་དྲ་མ་འགའ་རྒྱ་ནག་ནས་དཔེར་བླངས་ཚུལ་གསུངས་འདུག། བསམ་ཡས་གཙུག་ལག་ཁང་དེ་ཉིད་ནི་གླིང་བཞི་གླིང་ཕྲན་རི་རབ་དང་བཅས་པའི་གྲུབ་ཚུལ་ལྟར་གྱི་བཟོ་དབྱིབས་ཐོག་འོག་ཁང་བོད་ལུགས་བར་ཁང་རྒྱ་ནག་ལུགས། སྟེང་ཁང་རྒྱ་གར་ལུགས་དང་བཅས་ཡིན་ཚུལ་འཁོད་འདུག། བོད་ཀྱི་དགོན་པ་དག་ནི་དགེ་འདུན་པ་ཚོས་ཐོས་བསམ་སྒོམ་སྤེལ་བྱེད་སའི་ལྟེ་གནས་འབའ་ཞིག་ཡིན་པས་གྲོང་པ་ནས་གཞུ་ལྔ་བརྒྱ་སྟེ་རྒྱང་ཕྲག་གཅིག་ཙམ་གྱི་སར་གནས་ཡོད་ལ། སེ་འབྲས་ཁག་གི་འདུ་ཁང་སོགས་ཀྱི་བཞེངས་སྟངས་ཀྱང་ཆོས་འདུལ་བ་ལས་གསུངས་པ་ཇི་ལྟ་བ་བཞིན་ཕྱག་ལེན་ལ་འཁྱོལ་བ་གནང་ཡོད།
ཕོ་བྲང་ཁག་ནི་སྤྱིར་བཏང་རིའུ་ཆུང་ག་གེ་མོ་ཞིག་གི་སྟེང་བརྩིགས་སྲོལ་ཡོད་པ་སྟེ། དེ་ཡང་དཔེར་ན།མཁར་གྱི་ཐོག་མ་ཕོ་བྲང་ཡུམ་བུ་བླ་སྒང་ནི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་དུ་བརྩིགས་ཡོད་ལ། དེ་བཞིན་ལྷ་སའི་པོ་ཏ་ལ་ཡང་དམར་པོ་རིའི་དབུར་གནས་ཡོད། དེ་ཚོའི་ཨར་ལས་བཟོ་སྐྲུན་གྱི་ལག་རྩལ་ནི་ཤིན་ཏུ་བྱང་ཆུབ་པར་གྱུར་ནས་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་ལ། ཀ་གདུང་དང༌། སྒོ། སྒེའུ་ཁུང་སོགས་ཀྱི་མཛེས་རིས་དང༌། བརྐོས་དཀྲོལ། གྱང་ལྡེབས་ཀྱི་ལྡེབས་བྲིས་སོགས་ཀྱི་ཐད་ཧ་ལས་དགོས་པ་ཞིག་བྱུང་ཡོད། གྲོང་གསེབ་ཁུལ་གྱི་རྫོང་དང་གཞིས་ཀ ། ཕྱུག་བདག་ཚོའི་སྡོད་ཁང་ཕལ་མོ་ཆེ་ཐོག་བརྩེགས་ཅན་ཡིན་ཞིང་དེ་ཡང་འོག་ཏུ་སྒོ་ཕྱུགས་དང༌། འབྲུ་གཟན་སོགས་འཇོག་པ་དང༌། སྟེང་དུ་ཐབ་ཚང་དང༌། གཟིམ་ཆུང༌། མཆོད་ཁང་སོགས་བྱེད་ཅིང་རྒྱས་པར་མཐའ་འཁོར་དུ་སྤྲོ་གླིང་ལྡུམ་ར་སོགས་ཀྱང་ཡོད། སྤྱིར་བཏང་གི་གྲོང་མི་ཚོའི་སྡོད་ཁང་ནི་ཕལ་ཆེ་བ་གཅིག་ཐོག་ཡིན་ཞིང༌། ཁོ་ཚོ་སོ་སོའི་དཔལ་འབྱོར་འཁོས་བབས་ལ་གཞིགས་པའི་སྤུས་ཀ་དག་ལས་རབ་འབྲིང་མང་པོ་ཡོད་ཁར་བོད་ཁང་ཀུན་ཀ་ལྕམ་གདུང་མ་ལྡན་པ་ཤ་སྟག་ཡིན། རྒྱ་ཕིབས་ཅན་གྱི་ལྷ་ཁང་དང་ཕོ་བྲང་རེ་གཉིས་ཕུད་དེ་བྱིངས་ཀུན་ཐོག་ཁོད་སྙོམས་འབའ་ཞིག་ཡིན། སྔ་མོའི་ཁང་ཁྱིམ་ཕལ་མོ་ཆེའི་སྒོའི་ཡས་ཐེམ་ཅུང་དམའ་བ་དང་མས་ཐེམ་མཐོན་པོ་བཟོ་བའི་སྲོལ་འདུག་པ་དེ་ནི་མི་ཚོས་རོ་ལངས་ཡོང་མི་ཐུབ་པའི་སྔོན་འགོག་གི་ཐབས་ཡིན་ཚུལ་ཤོད་སྲོལ་ཡོད།
ད་དུང་ལྷ་ཁང་དང༌། དགོན་སྡེ། ཕོ་བྲང༌། རྫོང་གཞིས་དང་གྲོང་མིའི་སྡོད་ཁང་ཕལ་ཆེ་བའི་ངོས་ཉི་མ་འཆར་སའི་ཕྱོགས་སུ་སྟོན་གྱི་ཡོད་ལ། སྒོ་དང་སྒེའུ་ཁུང་མང་ཆེ་བ་ཆུང་ཆུང་ཡིན་པས་འོག་ཁང་ཕལ་ཆེ་བ་ནི་ནག་ཤས་ཆེན་པོ་ཡོད་པ་དང༌། ཁང་པའི་སྒོ་དང་སྒེའུ་ཁུང་རྣམས་ལ་ཤམ་བུ་དང༌། སྒོ་ཡོལ། ཤེལ་ཡོལ་བསྒར་བ་སོགས་གང་ལྟར་དུས་རབས་རིམ་བཞིན་འཕོ་འགྱུར་བྱུང་བ་དང་ལྷན། སྡོད་ཁང་སོགས་ཀྱི་ཨར་ལས་བཟོ་རྩལ་ལའང་འགྱུར་ལྡོག་བྱུང་ནས་མཁར་རོའི་གནའ་ཤུལ་སོགས་ཞིབ་འཇུག་སྔོག་འདོན་བྱས་པ་ལྟར་ན། ས་འོག་ཏུ་ཕྱེད་ཙམ་དྲུས་ནས་བརྒྱབ་པའི་ཁང་པ་དང་ས་སྟེང་དུ་བརྩིགས་པའི་མཐིལ་གཞི་སྒོར་མོ་ཅན་གྱི་ཁང་པ་དེ་དག་ལ་མི་ལོ་སྟོང་ཕྲག་བཞི་ལྔ་ཙམ་གྱི་ལོ་རྒྱུས་ལྡན་ཚུལ་བཤད་ཡོད་པས།སྔར་སྲོལ་གྱི་བོད་སྤྱིའི་ཨར་རྒྱག་བཟོ་རྩལ་གྱི་རྨང་གཞི་འདི་རིགས་ཀྱི་སྟེང་རང་གི་ཉམས་མྱོང་དང་གཞན་ལུགས་ཀྱི་ལེགས་ཆ་ཕྱོགས་བསྡུས་ཀྱིས་ཐུན་མོང་མ་ཡིན་པའི་བོད་སྤྱིའི་ཨར་ལས་བཟོ་རྩལ་གྱི་རྣམ་གྲངས་རྒྱུ་སྐར་གྱི་རྗེས་སུ་བསྙེགས་ནས་ཁང་པའི་སྒོ་དང་སྒེའུ་ཁུང་ཚོན་རྩི་གཏོང་སྲོལ། དེ་བཞིན་ཐོག་སྟེང་དུ་དར་ལྕོག་འཛུགས་སའི་ལྷ་བཙུགས། སྒོ་ཐོད་དུ་བསང་གཏོང་སའི་བསང་བུམ་སོགས་ཡིད་དབང་འཕྲོག་པའི་ཐུན་མིན་གྱི་གནས་མང་དུ་མཆིས།།
བོད་ཀྱི་ཁམས་རྟའུ་ཡི་ཁང་པའི་སྒྱུ་རྩལ་སྐོར་གྱི་ངོ་སྤྲོད་བསྡུས་པ།
དེ་ཡང་འཇིག་རྟེན་ཁམས་ཞེས་ཐོག་མ་ནི་མུ་མཐའ་མེད་པའི་ནམ་མཁའི་དབྱིངས་སྟོང་སངས་ངེ་བ་ཞིག་ལས་ཅི་ཡང་མེད། དེ་ནས་རིམ་པར་འབྱུང་ལྔའི་རྡུལ་ཕྲན་རྣམས་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་གོ་ལའི་འཇིག་རྟེན་ཆེ་ཆུང་བསམ་ཡུལ་ལས་འདས་པ་མང་པོ་ཆགས་ཤིང་གྲུབ་པར་གྱུར་པ་དང་མཉམ་དུ་འགྲོ་བ་མིའི་འཇིག་རྟེན་གྱི་གོ་ལ་འདི་ཡང་རིམ་པར་ཆགས་པ་ཡིན་ལ། དེ་ཡང་ཐོག་མ་ཆུའི་ཕུང་པོ་ཞིག་ཡིན་པ་དང་རིམ་པར་ཆུ་བྲི་ནས་སྐམ་ས་ཆེན་པོ་བྱུང་བ་ཡིན། དེར་བརྟེན་རིམ་པར་སྲོག་ཆགས་སྣ་ཚོགས་ཆགས་ཤིང་འཕེལ་བ་དང་མཉམ་དུ་མིའི་འགྲོ་བ་ཡང་ཆགས་ཤིང་བྱུང་བ་ཡིན་པ་ནི་འཛམ་གླིང་སྤྱིའི་བཞེད་ཚུལ་དང་གཅིག་མཐུན་ཡིན་ནོ།།
དང་པོ། འཕེལ་རིམ་གྱི་ལོ་རྒྱུས།
མིའི་ཐོག་མ་ཤེད་བུའམ་གདོད་མའི་མི་རྣམས་ནི་སྡོད་གནས་ས་ཁུང་དང་བྲག་ཁུང༌། ཤིང་ནགས་ཀྱི་འོག་གམ་ཤིང་ལོའི་སྤྱིལ་བུ་ལ་སོགས་པའི་འོག་ཏུ་གནས་པ་ལས་ཁང་པ་བཟོ་བསྐྲུན་བྱེད་པའི་བསམ་བློ་མེད་པར་རང་བབས་སུ་ལྷོད་པོར་སྡོད་པར་དགའ་བ་ཡིན། དེ་ནས་ཡུན་རིང་སོང་བ་ན་མི་རྣམས་རྒྱུད་ཀྱི་ཉོན་མོངས་བའི་ཤུགས་ཆེར་སོང་བ་དང་འདོད་པའང་རིམ་པར་འཕེལ་ཏེ་སོ་སོའི་ས་ཆ་བདག་ཏུ་བཟུང་ཞིང་དེའི་སྟེང་དུ་ཁང་པ་སྟབས་བདེ་རེ་ཕུབ་རྒྱུའི་སྲོལ་བྱུང་བ་རེད། དེ་ནས་བཟུང་མི་རྣམས་ཕན་ཚུན་ལྟ་སྐུལ་དང་ཕན་ཚུན་འགྲན་རེས་བྱེད་པའི་འགོ་ཚུགས་པ་ཡིན། སྤྱིར་འགྲན་རྩོད་སོགས་ཉོན་མོངས་པ་འཕེལ་བ་ལ་ཡོན་ཏན་མེད་མོད། འོན་ཀྱང་འཇིག་རྟེན་གྱི་འཚོ་བ་ཡར་རྒྱས་ཡོང་བ་ལ་ལུགས་མཐུན་གྱི་འགྲན་སྡུར་དང་རྩོད་པ་རྩ་བ་ནས་མེད་ན་ཚང་མར་འཚོ་བའི་རེ་བ་མེད་པར་སྒྱིད་ལུག་ངང་ལྷག་ནས་ཡར་རྒྱས་ཕྱོགས་ལ་འབད་པ་དང་བརྩོན་པ་མེད་པར་རྗེས་ལུས་འགྲོ་རྒྱུ་ཡིན་པས། ལུགས་མཐུན་གྱི་འགྲན་རྩོད་ནང་དུ་མི་རང་རང་གི་བློ་སྟོབས་ཀྱི་ཤེས་རབ་ཀྱི་རྩལ་ལ་བསྟེན་ནས་སོ་སོར་ཁང་པ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཇེ་མཐོ་དང་ཇེ་ཆེར་གཏོང་བའི་འགོ་ཚུགས་པ་རེད།། དེ་བཞིན་ཁམས་རྟའུ་ལའང་བོད་ཁམས་སྤྱི་ལྟར་སྡོད་ཁང་ལ་རིམ་བཞིན་འགྱུར་བ་བྱུང་ཡོད་པ་སྟེ།
༡.གདོད་མའི་དུས།
ཐོག་མར་ས་ཕུག་དང་བྲག་ཕུག་དང་ནགས་ཆེན་པོའི་འོག་ཏུ་སྡོད་པ་ནས་རྩ་ཡི་སྤྱིལ་ཁང་དང་ས་ཁང་དང་རྡོ་ཁང༌། དེ་ནས་ཤིང་ཁང་སོགས་རིམ་པར་འཕེལ་བ་ལ། ཐོག་མའི་དུས་སུ་ཁང་པའི་རྒྱུ་ཆ་ནི་ས་དང་རྡོས་བཟོས་པ་སྟེ་དང་པོའི་ཁང་པ་རྣམས་རྡོ་ཁོ་ནས་རྐྱ་རྩིག་བྱས་པའི་ཁང་པ་རྡུམ་པོ་སྟེ་རྩ་བ་ཅུང་རྒྱ་ཆེ་ལ་རིམ་པར་ཚུར་བསྐུམ་ནས་ཁ་སོ་རུག་རུག་བྱས་ཏེ་ཁང་པའི་ཐོག་རྡོ་ལེབ་དང་རྫ་ལེབ་ཀྱིས་བྱ་སྤུ་འགེབ་བྱས་པས་ཆར་ཆུ་སོགས་འགོག་ཐབས་བྱས་ཡོད་པ་རེད། ལ་ལས་རྡོ་རྩིག་གྲུ་བཞི་མ་སོགས་སྟབས་བདེ་ལ་དབྱིབས་མི་འདྲ་བ་བཟོས་ཡོད། ལ་ལས་ས་གད་པ་ནང་བརྐོས་ནས་སྡོད་གནས་བྱས་པ་སོགས་སོ་སོའི་རེ་བ་དང་ཆ་རྐྱེན་ལྟར་བྱེད་སྟངས་སྣ་ཚོགས་བྱས་ཡོད་པ་རེད། གང་ལྟར་གནའ་སྔ་མོ་མི་གྲངས་ཉུང་བ་དང་འཚོ་བ་སྟབས་བདེ་བ་ཡིན་པས་ཁང་པའང་ཆུང་བ་སྟབས་བདེ་ལས་མི་དགོས། ཁང་པ་གཅིག་གི་ནང་སྡོད་ས་དང་ཉལ་ས་བཅས་བྱེད་ཆོག་པ་རེད།
༢. ཉེ་རབས་ཀྱི་སྡོད་ཁང་གི་སྐོར།
གོང་བཤད་ལྟར་དུས་ཡུན་རིང་པོ་སོང་བ་ན་མི་རྣམས་ཀྱི་འཚོ་བའི་རེ་བ་ཇེ་མཐོར་སོང་བ་དང་དགོས་འདོད་ཡང་ཇེ་ཆེར་སོང་བར་བརྟེན་ཁང་མིག་གཅིག་གིས་མི་ཆོག་པར་མང་པོ་དགོས་པ་དང་བསྟུན་ནས་ཁང་རྩེག་གཅིག་ཅན་བཟོ་བའི་འགོ་ཚུགས་པ་ཡིན་ལ་མི་གྲངས་མང་ཉུང་སོགས་དགོས་མཁོ་དང་བསྟུན་ཆེ་ཆུང་དང་ཁང་དབྱིབས་འདྲ་མིན་ལས་འགོ་ཚུགས་ཤིང་བློ་སྟོབས་དང་རྒྱུ་སྟོབས་ཆེ་ཆུང་ལ་བརྟེན་ནས་བཟང་ངན་གྱི་ཁྱད་པར་ཡང་ཅི་རིགས་སུ་བྱུང་ཡོད་པ་ཡིན། །
ཁང་པ་བཟོ་བྱེད་ཀྱི་རྒྱུ་གོང་ལྟར་གཙོ་བོ་ས་དང་རྡོ་ཤིང་གསུམ་ལས་བསྐྲུན་པ་ཡིན་ཡང་སོ་སོའི་ཁོར་ཡུག་གི་ཆ་རྐྱེན་ལ་ལྟོས་ཏེ་ས་ཡག་པོ་ཡོད་ས་ཡིན་ན་མང་ཆེ་བ་གྱང་རྡུང་བ་དང་རྡོ་དང་བྲག་མང་བའི་གནས་སུ་ཁང་པ་རྣམས་རྡོ་རྩིག་ཡིན་ལ་རྡོ་རྩིག་ལའང་རྡོ་སྐྱ་རྩིག་པ་དང་རྡོ་བར་ས་འདམ་སྦྱར་ནས་རྩིག་པ་སྟེ་རིགས་གཉིས་ཡོད་པ་ཡིན། ཅུང་ཡུན་རིང་སོང་བ་ན་ཁང་པ་ཐམས་ཅད་རྡོ་དང་ས་འདམ་གྱིས་བརྩིགས་པ་དང་སྒོ་ཁའི་ར་བ་རྣམས་རྡོ་རྐྱང་གིས་སྐྱ་རྩིག་བྱས་པ་ཡིན།།
དེ་ནས་རིམ་པར་མི་རྣམས་ཀྱི་འཚོ་བའི་རེ་བ་དང་འདོད་པ་ཆེ་རུ་ཕྱིན་ཏེ་ཁང་པ་བརྩེགས་གཉིས་ཅན་རེ་རེ་གཉིས་རེ་ལས་རྒྱུ་འགོ་བཙུགས་ཤིང་མི་རྣམས་ཐོག་ཁང་ནང་སྡོད་པ་དང་འོག་ཁང་ངམ་ཤོད་དུ་ཟོག་དང་ར་ལུག་བཙུད་ས་བྱས་པས་ཧ་ཅང་སྐྱིད་པོ་ལ་བརྩི་བ་བྱུང་ལ་མི་ཚང་མས་དེ་ལྟར་དུ་ཁང་པ་བརྩེགས་གཉིས་ཅན་ལ་འབད་པ་བྱེད་འགོ་ཚུགས་པ་ནས་མཐར་ཚང་མ་ཉིས་ཐོག་ཅན་གྱུར་བ་རེད། དེ་ནས་ཡང་མི་རེ་གཉིས་ཀྱིས་ཁང་བརྩེགས་གསུམ་ཅན་བཟོ་སྐྲུན་བྱེད་འགོ་ཚུགས་ཤིང་འོག་ཁང་ཟོག་ལ་སོགས་པ་བཙུད་ས་བྱེད་ལ་བར་རྩགས་ནི་མི་རྣམས་སྡོད་ས་བྱེད་པ། བརྩེགས་གསུམ་པ་ནི་ཀ་ཐག་གང་ངམ་དོ་ཡི་རྒྱ་ཅན་ཏེ་གཙོ་བོ་ཁང་པ་ཆེ་ཆུང་ལ་གཞིག་ནས་ནུབ་ནས་བྱང་དུ་སྐོར་བ་བྱས་ཏེ་གཡུང་དྲུང་ཕྱེད་པ་དེའི་ཤར་ལ་མཆོད་ཁང་ཀ་ཐག་དོའམ་བཞི་བཅད་ཡོད། དེ་མིན་མཛའ་ཚང་མ་སྟོན་ཀའི་དུས་སུ་སྟོན་ཐོག་བཅད་ནས་གྲོ་ནས་སྲན་གསུམ་གཙོས་བམ་པོ་རྩིག་ས་བྱས་ཡོད་ལ་གྲོ་ནས་སོགས་རྡུང་སའང་བརྩེགས་གསུམ་པའི་མདུན་དང་གཉིས་པའི་ཐོག་ཡིན་པས་སྟབས་བདེ་པོ་ཡོད་པ་མ་ཟད་གཙང་མའང་ཡོད་པ་རེད། སྟོན་བརྡུངས་ཚར་ནས་མཛའ་ནི་སོག་མ་རྩིག་ས་བྱས་ནས་ཕྱུགས་ཟོག་གསོ་ཟན་ཉར་ཚགས་བྱེད་ས་བདེ་མོ་ཡིན། གནའ་སྔ་མོ་ཁང་པ་ཕལ་ཆེ་བ་བརྩེགས་དང་པོ་གཉིས་པ་གྲུ་བཞི་མ་ཡིན་ལ་དེ་ལ་མིང་(གུ་ལོས་མ་)ཟེར། བརྩེགས་གསུམ་པ་གཡུང་དྲུང་ཕྱེད་མ་གོང་བཤད་ལྟར་ཡིན་ནོ།།
གང་ལྟར་དུས་སྐབས་དེ་དུས་ཁང་པ་ཆེ་ཆུང་དང་མཐོ་དམན་མི་འདྲ་ལ་བཟང་ངན་ཡང་མི་འདྲ་བ་སྣ་ཚོགས་ཡོད་པ་ནི་མི་སོ་སོའི་འདོད་པ་མི་འདྲ་བ་དང་རྒྱུ་ནོར་དཔལ་འབྱོར་གྱི་རྨང་གཞི་མི་འདྲ་བ། བློ་སྟོབས་ཀྱི་ཤེས་རབ་མི་འདྲ་བ་ཡོད་པ་ནི་དུས་ནམ་ཡང་བཟློག་ཏུ་མེད་པ་ཡིན་ནོ།། དེ་དུས་ཀྱི་ཁང་པའི་རྒྱུ་ཆ་ནི་གྲོང་པ་རང་རང་གི་ཁོར་ཡུག་གི་ཉེ་འགྲམ་ན་ཡོད་པའི་ས་དང་རྡོ། ཤིང་གསུམ་ལས་གྲུབ་ཅིང་བསྐྲུན་པ་ཡིན་པས་ཉེ་འཁོར་ན་ས་ཡག་པོ་ཡོད་ན་ཁང་པ་ཕལ་ཆེར་གྱང་བརྡུངས་ནས་ལས་ཡོད་པ་དང་རྡོ་དང་བྲག་རྡོ་ཡག་པོའི་ཆ་རྐྱེན་འཛོམས་ན་རྡོ་རྩིག་བྱས་ནས་ལས་ཡོད་པ་ཡིན་པ་ལས་རྒྱང་རིང་པོ་ནས་རྒྱུ་ཆ་ལེན་རྒྱུའི་ཆ་རྐྱེན་གཞན་མེད་པས་མི་ཕྱུགས་ཁོ་ནའི་ངལ་ལས་དང་ཤུགས་ལ་བརྟེན་ཏེ་འཛུགས་སྐྲུན་བྱེད་དགོས་པ་ཡིན། ཡིན་ནའང་མཐོ་སྒང་རང་ས་ན་ཡོད་པའི་ས་རྡོ་ཤིང་སོགས་ཀྱིས་འཛུགས་སྐྲུན་བྱས་པ་ནི་ས་གནས་དེའི་འབྱུང་ཁམས་དང་ཧ་ཅང་འཕྲོད་པོ་ཡོད་པས་ལོ་སྟོང་ཕྲག་མང་པོར་སྲ་བརྟན་དུ་གནས་ཐུབ་པ་ནི་གནའ་མཁར་རྣམས་ལ་བརྟག་ན་ཤེས་ཐུབ།།
༣. དེང་རབས་ཀྱི་ཁང་པའི་སྐོར།
འདིའི་ཡན་ལ་སྤྱིར་ཁང་པ་ལ་བཟང་ངན་གྱི་ཁྱད་པར་ཡོད་ཀྱང་མཛེས་བཟོའི་བྱེད་སྟངས་ལ་ཁྱད་པར་ཆེན་པོ་མེད། ཀུན་གྱིས་ཟེར་སྲོལ་ལ་མི་སྐྱ་ཕོ་མོའམ་མི་རྣམས་ཀྱི་སྡོད་ཁང་ལ་རྒྱན་བཀོད་དང་མཛེས་བཟོ་སོགས་རྒྱས་སྤྲོས་བྱེད་ཆེ་ན་སོ་སོའི་ཁ་རྗེ་དབང་ཐང་ལ་གནོད་ཅིང་ཟད་འགྲོ་བས་མི་རིན་ཞེས་ཟེར་སྲོལ་ཡོད་པས་གནའ་མི་རྒན་རྒོན་རྣམས་ཀྱིས་འཛེམ་པར་བྱེད་པ་ཡིན། དེ་ནས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་རིམ་པར་ཇེ་ཆེ་དང་ཇེ་རྒྱས་བཏང་ཡོད་པ་སྟེ། ཐོག་མར་ཁང་པའི་མདུན་ཕྱོགས་ཀྱི་རྩིག་པ་རྣམས་བླངས་ནས་པང་ལེབ་རྣམས་ཕྱིར་བཏོན་ཏེ་མཚལ་དམར་བྱུག་པ་དང་སྐར་ཁུང་རྣམས་ལ་མཚོན་སྣ་ཚོགས་གཏོང་རྒྱུའི་སྲོལ་བྱུང་ནས་ཀུན་གྱིས་དེ་ལྟར་བྱས་ན་ཡག་པོ་འདུག་ཅེས་ཟེར་བཞིན་དེ་ལྟར་བྱས་ཤིང༌། ཁང་གསར་ལས་མཁན་ཚོས་ཀྱང་དེ་ལྟར་ལས་ཡོད་ལ་ཁང་རྙིང་རྣམས་ཀྱི་མདུན་ཕྱོགས་བརྩེགས་གཉིས་པ་ཡན་ཆད་ཀྱི་རྩིག་པ་ཀུན་བླངས་ནས་པང་ལེབ་ཕྱིར་མངོན་པར་བྱས་ཤིང་སྐར་ཁུང་རྣམས་ལ་མཚོན་བཏང་ནས་ཁྲ་ལེབ་ལེབ་བྱེད། དེ་ནས་རིམ་པར་ཁང་པའི་ནང་གི་མཆོད་ཁང་རྣམས་ལ་མཚོན་གཏོང་འགོ་ཚུགས་ནས་རིམ་གྱིས་ཁང་པ་ནང་ཡོངས་རྫོགས་ལ་མཚོན་གཏོང་བར་བྱས་ནས་ཀུན་གྱིས་མཛེས་མི་མཛེས། ཡག་དང་བཙོག་སོགས་ལབ་གླེང་བྱེད་ཞོར་འགྲན་རེས་དང་རྩོད་རེས་བྱེད་པ་ཡང་བྱུང༌། དེ་རྗེས་ཅུང་མ་འགོར་བར་མཚོན་རྐྱང་པས་མི་ལེགས་པར་སྐྱི་འབུར་འཐེན་ན་དེ་ལས་མཛེས་སོ་ཞེས་སྣ་ཚོགས་བཤད་པ་བྱུང་ནས་ཡང་མང་ཆེ་བས་ཁང་པ་མཛེས་བཟོ་ལ་སྐྱི་འབུར་འཐེན་སྲོལ་རྒྱ་ཆེ་རུ་ཕྱིན་པ་མ་ཟད། མང་ཆེ་བས་ཁང་རྙིང་རྣམས་བཤིགས་ནས་གསར་པ་གསར་རྐྱང་བྱས་ཤིང་ཕྱིའི་བཀོད་དབྱིབས་ལའང་འགྱུར་བ་ཆེན་པོ་བྱུང༌། ཅུང་སྔ་རབས་སུ་ཁང་པ་མང་ཆེ་བ་བརྩེགས་གསུམ་རེ་ཡོད་པ་ཡིན་ཡང་དེ་རྗེས་བརྩེགས་གཉིས་ལས་མེད་པར་བྱས་ཏེ་ཐོག་བརྩེགས་གསུམ་པ་བླངས་ནས་མི་དགོས་པ་བྱས་ན་བདེའོ་ཞེས་ད་ལྟ་ཡིན་ན་ཐོག་ཁང་གསུམ་ཅན་གྱི་བོད་ཁང་ཧ་ཅང་ཉུང་ཉུང་ཆགས་ཡོད་རེད། དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་གྲོང་པ་ཆེ་རུ་སོང་ནས་སྔར་ས་ཞིང་ནང་ཁང་པ་མང་པོ་ལས་ནས་ས་ཞིང་མེད་པ་ཆགས་པས་ཁང་བརྩེགས་གསུམ་པའི་ཐོག་གྲོ་ནས་བམ་པོ་དང་སོག་མ་སོགས་འཇོག་རྒྱུ་མེད་པས་དགོས་མཁོ་ཆེར་མེད་པས་ཡིན། གཉིས་ནི་ས་ཞིང་ཡོད་ཀྱང་སྟོན་ཐོག་འཕྲུལ་ཆས་ཀྱིས་བརྔས་པས་ལོ་ཐོག་བརྔ་རྒྱུ་དང་བམ་པོ་རྡུང་རྒྱུ་ཆབས་གཅིག་བྱས་ཏེ་འབྲུ་རྣམས་ནང་དུ་ལེན་པ་ལས་སོག་མ་སོགས་ནང་ལ་མི་ལེན་པས་ཐོག་བརྩེགས་གསུམ་པ་ནང་གང་ཡང་འཇོག་རྒྱུ་མེད་པས་མི་དགོས་པར་གྱུར་པ་ཡིན་ནོ།།
གཉིས་པ། རྟའུ་བའི་ཁང་པའི་ཁྱད་ཆོས་བཤད་པ།
གཅིག ཕྱི་དབྱིབས་ཀྱི་ཁྱད་ཆོས་ནི་གནའ་སྔ་མོའི་ཁང་པ་སྤྱིའི་དབྱིབས་ནི་གྲུ་བཞི་ནར་མོ་ཡིན་པས་རྟའུ་བས་གུ་ལོས་མ་ཟེར་བ་དང་བརྩེགས་དང་པོ་དང་གཉིས་པ་འདྲ་ལ་བརྩེགས་གསུམ་པ་གཡུང་དྲུང་ཕྱེད་པ་ཡིན། ཁང་པའི་མདུན་ཤར་ལྷོ་མཚམས་དང་ལྷོ་སྟོད་ལ་འཁོར་དགོས་ལ་རྒྱབ་བྱང་ལ་གཏད་པ་སོགས་ཁང་སའང་ཤིན་ཏུ་ལེགས་པོ་ཞིག་འདེམས་དགོས་པ་ཡིན། ཁང་པའི་གྲྭ་ཁ་ལ་སྤྱིར་བཏང་བ་ཡིན་ན་བ་སོ་བ་སྒམ་ཕྲེང་གཅིག་མདུན་དང་གཡས་གཡོན་བཅས་ལ་འཁོར་ཡོད་པ་དང་རྒྱས་པ་ཡིན་ན་བ་སོ་བ་སྒམ་ཉིས་བརྩེགས་སྐོར་བའང་ཡོད་འདུག བ་སོ་བ་སྒམ་སྟེང་གི་རི་མོ་དཀར་པོ་དང་ནག་པོ་གཉིས་ཀྱིས་འབྲི་བ་ཡིན་ལ། རི་མོའི་ནང་དོན་གཙོ་བོ་ནི་རིན་ཐང་ཅན་གྱི་གནའ་སྔ་མོའི་གཟི་ཡི་རི་མོ་གཙོ་བོ་ཡིན་ལ་གཟི་ནི་རིན་པོ་ཆེ་རྩ་ཆེན་གཟའ་གདོན་དང་གྲིབ་རིགས་སོགས་འགོག་པའི་ནུས་པ་ཅན་ཡིན་པས་གནའ་སྔ་མོའི་སྒོར་མོའང་ཡིན་ཞེས་ལོ་རྒྱུས་གཟི་ཡི་ཕྲེང་བ་ལས་གསལ་བ་བཞིན་ནོ།།
ཁང་པའི་གྲྭ་ཁར་རྩིག་པ་དཀར་པོ་དང་མཆོག་མགོ་རྣམས་ལ་རྩིག་པ་དཀར་པོ་མཐོན་པོ་རྩིག་པ་ནི་སྡེ་བརྒྱད་བཙན་མཆོད་བྱེད་ཡིན། གནའ་སྔ་མོ་གྲྭ་མཐའ་དང་མཆོག་མགོ་རྣམས་ལ་རྡོ་དཀར་བསྐོར་ནས་བཞག་ནས་བཙན་ལ་མཆོད་པ་བྱེད་པ་ཡིན། རྒྱུ་མཚན་ནི་བཙན་འགྲོ་འོང་མང་བས་ནམ་རྒྱུན་འཚོ་བའི་ནང་བཙན་ཕོག་ཐུག་འགྲོ་རྒྱུ་མང་གི་ཡོད་ཙང་ཁང་པའི་གྲྭ་ཁ་དང་རྩིག་པའི་ནང་རྡོ་དཀར་འཇོག་པ་དང་རྡོ་དཀར་གྱི་རི་མོ་སྣ་ཚོགས་བཞག་ནས་བཙན་དགའ་འཇུག་པ་ཡིན། རྡོ་དཀར་ནི་བཙན་གྱི་ཁ་ཟས་ཡིན་པར་འདོད་པས་བཙན་ལ་རྡོ་དཀར་གྱི་མཆོད་པ་ལས་གཞན་མེད་ཅེས་ཟེར་སྲོལ་ཡོད་པས་རི་མགོ་དང་རི་ཉག་ཁ་རྣམས་ལ་རྡོ་དཀར་གྱི་ལབ་རྩེ་དང་རྡོ་སྤུང་ཡང་མང་པོ་མཐོང་རྒྱུ་ཡོད་པ་རྣམས་ཀྱང་བཙན་མཆོད་བྱེད་ཡིན་སྐད། དམིགས་ཡུལ་གཙོ་བོ་ནི་མི་མ་ཡིན་རྣམས་དང་མཐུན་པོ་ཡོང་བར་བྱས་ནས་དེ་དག་གི་གནོད་པ་སྔོན་འགོག་བྱེད་ཆེད་ལ་དམིགས་པ་ཡིན། དེ་བཞིན་གཞི་བདག་མི་མ་ཡིན་མཆོད་བྱེད་ལ་ཁང་པའི་ཐོག་ལ་ལབ་རྩེ་དང་བསང་ཁང་བཞག་ནས་གཞི་བདག་རྣམས་རྒྱུན་མཆོད་བྱེད་བཞིན་ཡོད་པས་དུད་ཁྱིམ་སུ་ཡིན་ཡང་ཁང་ཐོག་ན་ལབ་རྩེ་དང་བསང་ཁང་མེད་མཁན་གཅིག་ཀྱང་མེད་པའང་རྒྱུ་མཚན་གཅིག་མཚུངས་ཡིན་ནོ།།།།